བལ་ཡུལ་མཆོད་འཇོར་ས་གནས་མི་མང་གི་འཐུས་ཚབ་བློ་བཟང་ཚེ་རིང་ལགས་ཀྱིས་བལ་ཡུལ་མཆོད་འཇོར་ས་གནས་མི་མང་དང་དགོན་སྡེ་ཁག་དྲུག་བཅས་ཀྱི་ཐོབ་ཐང་བཀག་སྐྱིལ་བྱས་པར་དབུས་འོས་བསྡུ་ལས་ཁང་ལ་ཁྲིམས་གཏུགས་བྱ་རྒྱུའི་སླད་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཕེབས་ཡོད་པ་གསུངས་སོང་། དེ་ཡང་ཉེ་ཆར་ཕྱི་ཟླ་ ༢ པའི་ཚེས་ ༡ ཉིན་བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུའི་སྐབས་བལ་ཡུལ་མཆོད་འཇོར་ས་ཁུལ་ནས་འོས་བསྡུའི་སྒྲིག་གཞིར་འགལ་འཛོལ་ཚབས་ཆེ་བྱུང་བའི་ངོས་འཛིན་དང་འབྲེལ། དབུས་འོས་བསྡུ་ལས་ཁང་གིས་ཟླ་བ་འདིིའི་ཚེས་ ༢༣ ཉིན་མཆོད་འཇོར་ས་གནས་མང་ཚོགས་ལ་དངོས་གཞི་འོས་འཕང་རྒྱུའི་ཐོབ་ཐང་ཕྱིར་འཐེན་གནང་རྒྱུའི་ཐག་གཅོད་གནང་ཡོད་པ་ལྟར། སྤྱི་ཚོགས་ནང་གནད་དོན་དེའི་ཐོག་སེམས་འཚབ་ཀྱིས་ལབ་གླེང་ཤུགས་ཆེ་བྱུང་བ་དང་། ལྷག་པར་དུ་མཆོད་འཇོར་ས་གནས་མི་མང་གིས་ཡིག་ངག་གཉིས་ཐོག་ནས་རེ་སྐུལ་ནན་པོ་ཞུས་པ་མ་ཟད། དེ་རིང་ཉིན་རྒྱབ་ཆུ་ཚོད་ ༣ ཡོལ་ཙམ་ལ་མཆོད་འཇོར་ས་གནས་མི་མང་གི་སྐུ་ཚབ་ཞུ་འབྱོར་བ་བློ་བཟང་ཚེ་རིང་ལགས་དང་ཁོང་གི་ཁྲིམས་རྩོད་པ་བཅས་བཞུགས་སྒར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཁྲིམས་གཏུགས་ཀྱི་ཞུ་སྙན་ཕུལ་བར་ཆེད་བཅར་ཞུས་གནང་སོང་། སྐབས་དེར་འདི་གའི་གསར་འགོད་པས་ཞུ་འབྱོར་བ་བློ་བཟང་ཚེ་རིང་ལགས་སུ་དེ་རིང་འདིར་ཕེབས་དགོས་དོན་དང་འབྲེལ་ནས་བཀའ་འདྲི་ཞུ་སྐབས། ཁོང་གིས་ད་རེས་མཆོད་འཇོར་ས་གནས་མི་མང་གི་རྒྱབ་སྐྱོར་ཐོག་ནས་གཙོ་བོ་དབུས་འོས་བསྡུ་ལས་ཁང་གིས་བལ་ཡུལ་མཆོད་འཇོར་ས་གནས་མི་མང་དང་དགོན་སྡེ་ཁག་དྲུག་བཅས་ཀྱི་ཐོབ་ཐང་བཀག་སྐྱིལ་བྱས་པར་ཁྲིམས་གཏུགས་བྱ་ཆེད་འདིར་ཕེབས་ཡིན་སྐོར་འགྲེལ་བརྗོད་དང་འབྲེལ། ཐེངས་འདིའི་དངོས་གཞིའི་འོས་བསྡུའི་ཁྲོད་མཆོད་འཇོར་ས་གནས་མང་ཚོགས་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསོལ་རྩལ་མཛད་པའི་མང་གཙོའི་ཁེ་དབང་བཙན་འཕྲོག་བྱས་པའི་ཐད་བློ་ཕམ་ཆེན་པོ་བྱུང་ཡོད་ཅེས་གསུངས་སོང་། བློ་བཟང་ཚེ་རིང་ལགས་ཀྱི་ཁྲིམས་གཏུགས་རྩོད་ལེན་པ་བཙན་བྱོལ་བོད་མིའི་ཁྲིམས་ལུགས་རིག་པ་བའི་སྤྱི་ཁྱབ་དྲུང་ཆེ་བསྟན་འཛིན་སྒྲོལ་དཀར་ལགས་སུ་བཀའ་འདྲི་ཞུ་སྐབས། ཁོང་གིས་བློ་བཟང་ལགས་ཁ་སང་བོད་མིའི་ཁྲིམས་ལུགས་པའི་ལས་ཁུངས་སུ་ཕེབས་པ་དང་ཁོང་གི་གྱོད་དོན་ཐོག་གྲོས་བསྡུར་ཞིབ་འཇུག་གནང་རྗེས་དེ་རིང་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་གནད་དོན་དེ་ཉིད་སྐོར་ཁྲིམས་གཏུགས་ཀྱི་ཞུ་སྙན་ཕུལ་ཡོད་པ་དེ་ལྟར་ཡང་། ཁྲིམས་ཁང་ནས་དེའི་ཐོག་ཞིབ་འཇུག་གིས་ལྗགས་ལན་གནང་རྒྱུ་ཡིན་པའི་བཀའ་ལན་ཕེབས་ཡོད་པ་གསུངས་སོང་། མ་ཟད་བཙན་བྱོལ་བོད་མིའི་ཁྲིམས་ལུགས་རིག་པའི་ཁྲིམས་མཐུན་ལས་བྱེད་རིན་ཆེན་དབང་རྒྱལ་ལགས་སུ་དེའི་སྐོར་བཀའ་འདྲི་ཞུ་སྐབས། ཁོང་གིས་དེ་རིང་གི་ཁྲིམས་གཏུགས་ཞུ་སྙན་དེར་མཆོད་འཇོར་ས་གནས་མི་མང་དང་དགོན་སྡེ་ཁག་དྲུག་བཅས་ནས་ཁྱོན་མང་ཚོགས་ ༣༠༠ མན་ཙམ་གྱིས་རྒྱབ་གཉེར་དཔང་རྟགས་གནང་ཡོད་པ་གསུངས་སོང་། གནད་དོན་འདི་དང་འབྲེལ་འདི་ག་རླུང་འཕྲིན་ཁང་གིས་དེ་རིང་ཉིན་རྒྱབ་ཏུ་དབུས་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་སྤྱི་ཟུར་བློ་བཟང་ཡེ་ཤེས་ལགས་སུ་བཅར་འདྲི་ཞུ་སྐབས། ཁོང་གིས་དབུས་འོས་བསྡུ་ལས་ཁང་ངོས་ནས་དེ་སྔོན་མཆོད་འཇོར་ཁུལ་ནས་འོས་བསྡུའི་སྒྲིག་གཞིར་འགལ་འཛོལ་ཚབས་ཆེན་བྱུང་བའི་ངོས་འཛིན་འོག་ས་གནས་དེར་དངོས་གཞིའི་འོས་བསྡུའི་ལས་རིམ་ཐེངས་གཅིག་ཕྱིར་འཐེན་གནང་རྒྱུའི་ཐག་གཅོད་གནང་བའི་རྗེས་སུ། འབྲེལ་ཡོད་ཀྱིས་དེ་སྔ་ནོར་འཁྲུལ་ངོས་ལེན་མ་གནང་བ་དག་ཕྱིས་སུ་ངོས་ལེན་གནང་ཡོད་པ་མ་ཟད། ས་གནས་མང་ཚོགས་ནས་དབུས་འོས་བསྡུ་ལས་ཁུངས་ལ་ས་གནས་ས་ཐོག་ཞིབ་འཇུག་འཕར་མ་གནང་སྐྱོང་ཡོང་བ་དང་འབྲེལ། མང་ཚོགས་ཀྱི་འོས་འཕང་རྒྱུའི་ཐོབ་ཐང་ཕྱིར་སློག་གནང་དགོས་པའི་རེ་སྐུལ་ཞུས་ཡོད་པ་དང་། གནད་དོན་དེ་དག་ལ་གཞིགས་ཏེ་ཟླ་བ་སྔོན་མའི་ཚེས་ ༢༨ ཉིན་དབུས་འོས་བསྡུ་འགན་འཛིན་གྱིས་ངག་ཐོག་ནས་འབྲེལ་ཡོད་ལ་མཆོད་འཇོར་ས་གནས་སུ་ཞིབ་འཇུག་གནང་རྒྱུ་དང་ལྷན་མང་ཚོགས་ལ་འོས་འཕང་རྒྱུའི་ཐོབ་ཐང་གནང་དགོས་པའི་ཐག་གཅོད་མངོན་གསལ་གནང་ཡོད་པ་གསུངས་སོང་། ཡིན་ནའང་ས་གནས་སུ་འོས་བསྡུའི་གྲ་སྒྲིག་གི་བརྒྱུད་རིམ་ཁྲོད་འབྲེལ་ཡོད་ཁག་ནས་ཕྱར་གྲུ་མཉམ་འདེགས་གནང་ཐུབ་མིན་དང་ཞིབ་འཇུག་ཚོགས་ཆུང་ནང་བཞུགས་ཐུབ་མིན་གྱི་ཐོག་ནས་གླེང་སློང་གང་ཙམ་བྱུང་རྗེས། ཟླ་བ་འདིའི་ཚེས་ ༡ ཉིན་ཆོས་འབྱོར་ས་གནས་འོས་བསྡུ་འགན་འཛིན་ནས་འོས་བསྡུའི་ལས་རིམ་གྲ་སྒྲིག་ཐུབ་རྒྱུ་ཡིན་པའི་སྐོར་གསུངས་ནས་ཞིབ་འཇུག་ཚོགས་ཆུང་ཆེད་འཛུགས་གནང་བ་མ་ཟད། ས་གནས་སུ་དངོས་གཞིའི་འོས་བསྡུ་བསྐྱར་དུ་བྱ་རྒྱུའི་ཐག་གཅོད་ཀྱི་བཀོད་ཁྱབ་ཀྱང་བཏང་ཟིན་ཡོད་པ་དེ་ལྟར་ཡང། ཕྱི་ཚེས་ ༢ ཉིན་མཆོད་འཇོར་ས་གནས་ཀྱི་འོས་བསྡུ་འགན་འཛིན་ནས་ད་ཆ་ས་གནས་སུ་འོས་བསྡུའི་ལས་རིམ་གྲ་སྒྲིག་གནང་ཐུབ་ཐབས་མེད་པའི་སྐོར་གསུངས་པ་བཅས་ལ་བརྟེན་ནས་མཆོད་འཇོར་ས་གནས་སུ་འོས་འཕང་རྒྱུའི་གནས་སྟངས་མེད་པ་གསུངས་སོང་།
The post མཆོད་འཇོར་ས་གནས་མི་མང་གི་འཐུས་ཚབ་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཞུ་སྙན་ཕུལ་བ། appeared first on vot.



