ཞི་ཅིན་ཕིན་གྱིས་སྲིད་དབང་སྒེར་གཅོད་མུ་མཐུད་བྱེད་པའི་སྐབས་ལྔ་བའི་ཚང་འཛོམས་གྲོས་ཚོགས།

3 hours ago

ཞི་ཅིན་ཕིན་གྱིས་སྐབས་ལྔ་བའི་ཚང་འཛོམས་གྲོས་ཚོགས་ཀྱི་གོ་སྐབས་སྤྱད་ནས་ལོ་རྗེས་མར་རང་ཉིད་ཀྱིས་མུ་མཐུད་རྒྱ་ནག་གི་སྲིད་དབང་འཛིན་པར་གྲ་སྒྲིག་བྱེད་བཞིན་ཡོད་ཟེར།

ཟླ་འདིའི་ཕྱི་ཚེས་ ༢༦ ནས་ཉིན་གྲངས་བཞིའི་རིང་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་རྒྱ་ནག་དམར་ཤོག་ཚོགས་པའི་སྐབས་ལྔ་བའི་ཚང་འཛོམས་གྲོས་ཚོགས་ཆེན་མོ་དེ་གསང་བའི་ལམ་ནས་འཚོག་བཞིན་ཡོད་པ་དང་། ཚོགས་འདུ་དེ་ནི་ཞི་ཅིན་ཕིན་གྱིས་སྣེ་ཁྲིད་པའི་དམར་ཤོག་ཚོགས་པའི་མ་འོངས་ཁ་ཕྱོགས་ལ་སྔར་ལྷག་དམ་དྲག་ཆེ་ཞིང་སྲིད་དབང་སྒེར་གཅོད་ལམ་ལུགས་རྒྱ་སྐྱེད་གཏོང་བའི་ཚོགས་འདུ་ཞིག་ཏུ་འགྱུར་རྒྱུ་ཡིན་འདུག

རྒྱ་ནག་གཞུང་འབྲེལ་གྱི་གནས་ཚུལ་ལྟར་ན། སྐབས་ལྔ་བའི་ཚང་འཛོམས་གྲོས་ཚོགས་སྟེང་དམར་ཤོག་ཚོགས་པའི་སྐབས་ཉི་ཤུ་བའི་དབུས་ཆབ་སྲིད་ལྷན་ཁང་གི་འཐུས་མི་ ༣༠༠  ཙམ་མཉམ་ཞུགས་བྱས་ཡོད་པ་དང་། ཚོགས་ཆེན་སྟེང་དམར་ཤོག་ཚོགས་པའི་སྒྲིག་ལམ་ཇེ་དམ་དུ་གཏོང་རྒྱུ་ཡིན་སྐོར་ཙམ་ལས་ཞིབ་ཕྲའི་གནས་ཚུལ་གཞན་གང་ཡང་བསྒྲགས་མེད་ཁར། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཚོགས་ཡུལ་སོགས་གསང་བ་བྱས་ནས་བཞག་འདུག

སྐབས་ལྔ་བའི་ཚང་འཛོམས་གྲོས་ཚོགས་འདི་ནི་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་ཉེར་གཅིག་པ་འཚོག་ལ་ཉེ་བར་ལོ་གཅིག་ཙམ་ལས་མེད་པའི་དུས་སྐབས་ཤིག་ཏུ་འཚོག་གིན་ཡོད་སྟབས། ཚང་འཛོམས་གྲོས་ཚོགས་འདིའི་སྟེང་ཞི་ཅིན་ཕིན་གྱི་སྲིད་འབྱོར་རིག་གསུམ་སོགས་ཀྱི་བྱས་རྗེས་ལ་ངོས་འཛིན་གཅིག་གྱུར་བྱས་ཏེ།  ལོ་རྗེས་མའི་ཚོགས་ཆེན་ཐེངས་ཉེར་གཅིག་པའི་སྟེང་ཞི་ཅིན་ཕིན་སླར་ཡང་དམག་སྲིད་ཏང་གསུམ་གྱི་མགོ་ཁྲིད་དུ་བསྐོ་གཞག་བྱེད་པར་གྲ་སྒྲིག་གི་ཡོད་པའི་ཚོད་དཔག་བྱེད་ཀྱིན་འདུག

ཚང་འཛོམས་གྲོས་ཚོགས་སྔོན་མ་ཁག་གི་སྟེང་དུ་ཞི་ཅིན་ཕིན་སྲོག་ཤིང་ཡིན་པ་དང་སྲིད་འཛིན་གྱི་དུས་ཡུན་ཚད་བཀག་མེད་པར་བཟོས་པ། ཞི་ཅིན་ཕིན་གྱི་བསམ་བློ་ཟེར་བའི་དམར་ཤོག་གི་ལྟ་གྲུབ་དྲིལ་བསྒྲགས་དང་རྒྱ་སྐྱེད་སོགས་བྱས་ཏེ། དམར་ཤོག་ཚོགས་པའི་ལོ་རྒྱུས་ནང་ཞི་ཅིན་ཕིན་དང་དམར་ཤོག་ཚོགས་པའི་ཡབ་ཆེན་དུ་འབོད་པའི་མའོ་ཙེ་ཏུང་གཉིས་ཀྱི་སྣང་བརྙན་འདྲ་མཉམ་བསྐྲུན་ཡོད་པས། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་སྟེང་ཞི་ཅིན་ཕིན་དང་ཁོས་སྣེ་ཁྲིད་པའི་དམར་ཤོག་ཚོགས་པའི་ལངས་ཕྱོགས་ཀྱི་ཁ་གཏད་དུ་ལང་མཁན་རྣམས་ཚར་གཅོད་ཀྱིས་ཞི་ལ་བློ་དཀར་གཞུང་དྲང་གི་དཔོན་རིགས་རྐྱང་བསྐོ་སྒྲིག་བྱ་རྒྱུ་ཡིན་པ་དབྱེ་ཞིབ་པས་བརྗོད་འདུག

ཡང་ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་དང་འབྲེལ་ནས། ཉེ་ལམ་ཕྱི་ཟླ་ ༩ ནང་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་ ༢༡ གིས་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། གྲོས་ཚོགས་སྐབས་དམར་ཤོག་ཚོགས་པའི་དབང་ཤུགས་རྒྱ་སྐྱེད་ལ་འགོག་རྐྱེན་འཕྲད་པའི་གནད་དོན་ཁག་གཙང་སེལ་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད་པ་དང་། དེས་རྒྱ་ནག་རྒྱལ་ཡོངས་ཀྱི་དམར་ཤོག་ཚོགས་མི་ཡོངས་ཀྱིས་ཞི་ཅིན་ཕིན་གྱི་སྣེ་ཁྲིད་པའི་དམར་ཤོག་ཚོགས་པའི་བཀོད་འདོམས་ལ་བློ་དཀར་གཞུང་དྲང་ཡིན་དགོས་པ་བསྟན་འདུག

དམིགས་བསལ་ཉེ་ལམ་ནས་རྒྱ་ནག་དབུས་དམག་སྲིད་ལྷན་ཁང་དང་ཆབ་སྲིད་ལྷན་ཁང་གཉིས་གཙོ་བྱས་པའི་དབུས་ས་གཉིས་ཀྱི་དཔོན་རིགས་མང་པོ་ཞིག་ལ་ལྐོག་ཟ་རུལ་སུངས་ཀྱི་ཉེས་མིང་འོག་ནས་ཁྲིམས་ཆད་བཅད་དེ། རྐུ་སྟེགས་མང་པོ་ཞིག་སྟོང་པར་ལུས་ཡོད་པས། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་སྐབས་འཐུས་མི་མང་པོ་ཞིག་ལ་རང་བཞིན་གྱི་འདར་སྐྲག་དགོས་པའི་ཁོར་ཡུག་བསྐྲུན་ཡོད་པ་རེད།

ཨེ་ཤ་ཡའི་ཆབ་སྲིད་བློ་འདོན་ལྟེ་གནས་ཁང་གིས། ཕྱི་ལོ་ ༢༠༢༢ ལོར་རྒྱ་ནག་གི་དམག་མིའི་འཐུས་མི་ ༤༤ དབུས་ཆབ་སྲིད་ལྷན་ཁང་གི་འཐུས་མིར་བསྐོ་གཞག་བྱས་པ་ལས་ད་ལྟ་འཐུས་མི་གཉིས་ལས་ལྷག་མེད་ཅིང་། དབུས་དམག་སྲིད་ལྷན་ཁང་ལ་འཐུས་མི་བདུན་ཡོད་པ་ལས་ད་ལྟ་གཉིས་ལས་ལྷག་མེད་པས། ད་རེས་ཀྱི་ཚང་འཛོམས་གྲོས་ཚོགས་འདི་ནི་ཞི་ཅིན་ཕིན་ལ་སྟོང་ཆར་ལུས་པའི་ས་མིག་འདི་དག་བསྐོ་གཞག་བྱེད་པའི་གོ་སྐབས་ཤིག་ཡིན་བརྗོད་འདུག

 

The post ཞི་ཅིན་ཕིན་གྱིས་སྲིད་དབང་སྒེར་གཅོད་མུ་མཐུད་བྱེད་པའི་སྐབས་ལྔ་བའི་ཚང་འཛོམས་གྲོས་ཚོགས། appeared first on བོད་ཀྱི་དུས་བབ།.

Original Article