ཟི་ལིང་ནས་ཁྲིན་ཏུའུ་བར་གྱི་ལྕགས་ལམ་ཕྱེད་ཙམ་འགྲུབ་ཡོད་ཟེར།

1 hour ago

རྒྱ་གཞུང་གིས་མཚོ་སྔོན་དང་། ཀན་སུའུ། སི་ཁྲོན་བཅས་ཞིང་ཆེན་གསུམ་ནང་གི་བོད་ཀྱི་ས་ཁུལ་ཁག་སྐམ་སའི་གྲོང་ཁྱེར་དང་སྦྲེལ་བྱེད་ཀྱི་ལྕགས་ལམ་ཕྱེད་ཙམ་འགྲུབ་ཡོད་པའི་གནས་ཚུལ་སྤེལ་འདུག

འདི་ལོའི་ཕྱི་ཟླ་ ༡༠ འགོ་སྟོད་དུ་ཟི་ལིང་ནས་ཁྲིན་ཏུའུ་བར་གྱི་ལྕགས་ལམ་ལས་གཞིའི་ཕྱེད་ཙམ་འགྲུབ་ཡོད་པའི་གནས་ཚུལ་ཞིག་ཚ་ཚ་འུར་འུར་ངང་བསྒྲགས་སོང་། དེ་ཡང་ཕྱི་ལོ་ ༢༠༢༢ ཟླ་ ༡༠ ཚེས་ ༢༩ ཉིན། རྒྱ་ནག་གིས་ཀན་སུའུ་ཞིང་ཆེན་དང་། སི་ཁྲོན་ཞིང་ཆེན། མཚོ་སྔོན་ཞིང་ཆེན་གསུམ་གྱི་ནང་འཁེལ་བའི་མེ་འཁོར་ལྕགས་ལམ་གྱི་ལས་གཞི་ཆེན་པོ་ཞིག་མགོ་བཙུགས་ཡོད་པ་རེད། དེར་ལམ་ཐག་སྤྱི་ལེ་ ༨༣༦།༥ ཡོད་པ་དང་། ཇུས་འགོད་མྱུར་ཚད་ནི་ཆུ་ཚོད་རེར་སྤྱི་ལེ་ ༢༠༠ དང་། མཚོ་སྔོན་ཟི་ལིང་ནས་སི་ཁྲོན་ཁྲིན་ཏུའུ་བར་དུ་འབབ་ཚིགས་ ༢༩ བཟོ་བཞིན་པ་དང་། ལྕགས་ལམ་དེའི་མིང་ལ་ཤི་ཁྲིན (西成) མེ་འཁོར་ལྕགས་ལམ་མམ་ཁྲོན་ཆེན་ (川青) མེ་འཁོར་ལྕགས་ལམ་ཞེས་བཏགས་ཡོད་འདུག

ཤི་ཁྲིན་ (西成) མེ་འཁོར་ལྕགས་ལམ་ཞེས་པར། ཟི་ལིང་དང་། མཚོ་ཤར་ནུབ་མ། བ་ཡན། གཅན་ཚ། རེབ་གོང་། རྒན་གྱ། བསང་ཆུ། གཙོས། ཀླུ་ཆུ། སྟག་ཚང་ལྷ་མོ། མཚོ་ཁྲ་ཆབ། ཨ་སྐྱིད། མཛོད་དགེ། བན་ཡུལ། རྐ་ཁོག་གམ་ཁྱུང་མཆུ། ཧྭང་ཧྲིན་འགག་སྒོ (黄胜关)། གཟི་ཚ་སྡེ་དགུ། ཟུང་ཆུ། ཀྲིན་ཅང་འགག་སྒོ (镇江关)། ཏེ་ཞི (叠溪) ཧྲི་ཏ་ཀོན(石大关)། མའོ་རྫོང་ (茂县)། ཀའོ་ཁྲོན (高川)།  ཨན་རྫོང་ (安州)། མེན་ཀྲུའུ་ལྷོ་མ (绵竹南)། ཧྲི་ཧྥང་ནུབ་མ (什邡西)། སན་ཞིང་ཏུའེ (三星堆)། ཆིང་པེ་ཅང་ཤར་མ (青白江东)། ཁྲིན་ཏུའུ་ཤར་མ (成都东) བཅས་འབབ་ཚིགས་ ༢༩ ཡོད་འདུག གཞན་ཡང་གཙོས་གྲོང་ཁྱེར་ནས། ཐང་ཀ་ཨང་ (唐尕昂)། ཧྲང་ཁྲིན (双城)། རྐ་ཆུ (临夏)། ལིའུ་ཅ་ཞ (刘家峡)། ལན་ཀྲོའུ་ནུབ་མ་ (兰州西) བཅས་མེ་འཁོར་འབབ་ཚིགས་༥ བཟོ་བཞིན་ཡོད་འདུག

ཕྱི་ལོ་ ༢༠༡༤ ཁྲིན་ཏུའུ་ནས་ཆེན་པེ་ཅང་ཤར་མ་བར་མེ་འཁོར་ཤར་གཏོང་བྱས་འདུག་པ་དང་། ཕྱི་ལོ་ ༢༠༢༣ ཆེན་པེ་ཅང་ཤར་མ་ནས་ཀྲིན་ཅང་འགག་སྒོ་བར་དུ་མེ་འཁོར་ཤར་གཏོང་བྱས་འདུག ཕྱི་ལོ་ ༢༠༢༤ ཀྲིན་ཅང་འགག་སྒོ་ནས་ཧྭང་ཧྲིན་འགག་སྒོ་བར་མེ་འཁོར་ཤར་གཏོང་བྱས་ཡོད་འདུག དེའི་ནང་དུ་བོད་ཁུལ་གྱི་ཟུང་ཆུ་རྫོང་དང་གཟི་ཚ་སྡེ་དགུ་ཚུད་ཡོད་པ་རེད། སི་ཁྲོན་འགྲིམ་འགྲུལ་ལས་ཁང་གིས་ཕྱི་ཟླ་ ༧ ཚེས་ ༢༧ ཉིན་སྤེལ་བའི་གནས་ཚུལ་ནང་། སི་ཁྲོན་ཕྱོགས་ཀྱི་ཕུག་ལམ་ ༡༤ ལས་ ༡༡ ལེགས་པར་གྲུབ་བྱུང་ཡོད་པ་དང་། དེ་ནི་སི་ཁྲོན་ཕྱོགས་ཀྱི་ལས་གཞི་སྤྱིའི་བརྒྱ་ཆ་ ༥༥ ཙམ་རེད། ཟམ་པ་ ༦༢ ཡོད་པ་དང་། དེའི་བརྒྱ་ཆ་ ༩༡.༡ ཙམ་འགྲུབ་ཡོད་ཅིང་། ལས་གཞི་སྤྱིའི་བརྒྱ་ཆ་ ༨༢.༦ ཙམ་ལེགས་གྲུབ་བྱུང་འདུག ཧྭང་ཧྲིན་འགག་སྒོ་ནས་ཁྱུང་མཆུ་དང་། བན་ཡུལ། མཛོད་དགེ། ཨ་སྐྱིད། མཚོ་ཁྲ་ཆབ། སྟག་ཚང་ལྷ་མོ་བར་སྤྱི་ལེ་ ༡༧༠ ཡོད་འདུག ལས་གཞི་དེ་ལེགས་གྲུབ་བྱུང་ན། ཁྲིན་ཏུའུ་ནས་ཟི་ལིང་བར་ཆུ་ཚོད་ ༤ དང་ཕྱེད་ཀའི་ནང་སླེབས་ཐུབ་པ་དང། དེ་ནི་སྔོན་གྱི་ལམ་ཐག་གི་ཕྱེད་ཀ་ཡིན་འདུག ཁྲིན་ཏུའུ་ནས་མཛོད་དགེའི་རྩྭ་ཐང་བར་ཆུ་ཚོད་ ༢.༥ མ་གཏོགས་དགོས་མི་འདུག་ཅེས་གསལ་འདུག

ཕྱི་ཟླ་ ༩ ཚེས་ ༢༨ ཉིན། གཙོས་གྲོང་ཁྱེར་གྱི་གཞུང་འབྲེལ་དྲ་ཚིགས་ཐོག་སྤེལ་བའི་གནས་ཚུལ་ལྟར་ན། གཙོས་འབབ་ཚིགས་ཀྱི་རྨང་གཞི་བཏིངས་ཚར་ཡོད་སྐོར་གསལ་འདུག ཀན་སུའུ་དང་མཚོ་སྔོན་ཕྱོགས་ཀྱི་ལྕགས་ལམ་བཟོ་བསྐྲུན་བྱེད་བཞིན་པའི་སྒང་དང་། འཆར་གཞི་ལྟར་ན། ཕྱི་ལོ་ ༢༠༢༧ གཙོས་ནས་ལན་ཀྲོའུ་ནུབ་མ་བར་འགྲུལ་ལམ་ཡོངས་འགྲུབ་བྱ་རྒྱུ་དང་། ཕྱི་ལོ་ ༢༠༢༨ ཧྭང་ཧྲིན་འགག་སྒོ་ནས་གཙོས་བར་འགྲུལ་ལམ་ཡོངས་འགྲུབ་བྱ་རྒྱུ། ཕྱི་ལོ་ ༢༠༢༨ ལ་ལན་ཀྲུའུ་ནས་ཁྲིན་ཏུའུ་བར་འགྲུལ་ལམ་ཡོངས་འགྲུབ་བྱ་རྒྱུ། ཕྱི་ལོ་ ༢༠༢༩ ལོ་མཇུག་ལ་ཟི་ལིང་ནས་ ཐང་ཀ་ཨང་བར་བར་བཟོ་བསྐྲུན་ཡོངས་འགྲུབ་བྱ་འཆར་རེད་འདུག

ཟི་ལིང་ནས་ཁྲིན་ཏུའུ་བར་གྱི་མེ་འཁོར་འབབ་ཚིགས་ ༢༩ ལས་ཀྲིན་ཅང་འགག་སྒོ་དང་། ཟུང་ཆུ། གཟི་ཚ་སྡེ་དགུ། ཧྭང་ཧྲིན་འགག་སྒོ། རྐ་ཁོག བན་ཡུལ། མཛོད་དགེ། ཨ་སྐྱིད། མཚོ་ཁྲ་ཆབ། སྟག་ཚང་ལྷ་མོ། ཀླུ་ཆུ། གཙོས། བསང་ཆུ། རྒན་གྱ། རེབ་གོང་། གཅན་ཚ། བ་ཡན། མཚོ་ཤར་ནུབ་མ་བཅས་འབབ་ཚིགས་ ༡༨ བོད་ཁུལ་དུ་ཁེལ་ཡོད་པ་དང་། བོད་ཁུལ་ནི་མཚོ་ངོས་ལས་མཐོ་ཚད་མི་ཊར་ ༣༣༠༠ ཡན་ཡིན་པས། མེ་འཁོར་འབབ་ཚིགས་བཟོ་བསྐྲུན་བྱེད་པར་ཕུག་ལམ་དང་ཟམ་པ་མང་པོ་བཟོས་ཤིང་། ས་བརྐོས་རྡོ་སློག་རྒྱ་ཆེར་བྱས་པས། སྐྱེ་ཁམས་ཁོར་ཡུག་དང་། རི་སྐྱེས་སྲོག་ཆགས་ལ་གནོད་ཅིང་། འབྲོག་ཁུལ་གྱི་ས་ཆའི་བདག་དབང་ཡང་ཤོར་གྱི་ཡོད་པ་མ་ཟད། མི་རིགས་མཐུན་སྒྲིལ་དང་འགྲུལ་ལམ་སྟབས་བདེ་སོགས་སུ་ཁ་གཡར་ནས་ཨེ་ཤ་ཡའི་གཙང་པོ་ཆེ་ཁག་གི་འབྱུང་ཁུངས་ཏེ། བོད་ཀྱི་རི་ཆུ་ནགས་གསུམ་ལ་གནོད་སྐྱོན་ཚབས་ཆེན་ཐེབས་བཞིན་ཡོད།

བོད་ཁུལ་ནས་སྔོག་འདོན་བྱས་པའི་གསེར་དངུལ་གཏེར་རྫས་ཀྱིས་རྒྱ་ནག་ཕྱུག་བསྒྱུར་དང་། བོད་ས་ནས་རྙེད་པའི་ཐོན་དངོས་ལས་བོད་ཀྱི་རོང་འབྲོག་མང་ཚོགས་ལ་ཁེ་ཕན་ཐོབ་ཀྱི་མེད་པ་ཙམ་མ་ཡིན་པར། རང་གི་རིག་གཞུང་དང་སྐད་ཡིག་སོགས་རྒྱུད་འཛིན་དང་དར་སྤེལ་གྱི་དབང་ཆ་འཕྲོག་ཅིང་། རྒྱ་བསྒྱུར་དམིགས་འབེན་མྱུར་འགྲུབ་ཡོང་ཆེད་འགྲིམ་འགྲུལ་སྟབས་བདེ་རུ་བཏང་ནས་བོད་ཁུལ་སྟངས་འཛིན་གྱི་གཞི་རྒྱ་ཆེ་རུ་བསྐྱེད་པ་སོགས་རྒྱ་ནག་གིས་བོད་ཁུལ་སྟངས་འཛིན་བྱེད་པར་སྟབས་བདེ་རུ་གཏོང་བཞིན་ཡོད།

ཟི་ལིང་ནས་ལྷ་སའི་བར་དུ་བཟོ་བསྐྲུན་བྱས་པའི་མཚོ་བོད་ལྕགས་ལམ་ཞེས་པ་ནི་ཕྱི་ལོ་ ༢༠༠༦ ཟླ་ ༧ ཚེས་ ༡ ཉིན་ཤར་གཏོང་བྱེད་མགོ་བརྩམས་ཡོད་པ་དང། དེས་བོད་རང་སྐྱོང་ལྗོངས་ཟེར་བ་དང་རྒྱ་ནག་ནང་ཁུལ་མཐུད་ཡོད། རྗེས་སུ་གཞིས་ཀ་རྩེ་དང་ཉིང་ཁྲི་བར་རྒྱ་བསྐྱེད་བྱས་ནས་འགྲུལ་བཞུད་ཀྱི་ནུས་པ་རྒྱ་གར་དང་བལ་ཡུལ་གྱི་རྒྱལ་མཚམས་ཕྱོགས་སུ་སྤོས་ཡོད་པས། ཕྱི་སྲིད་དང་རྒྱལ་སྲུང་གི་ཐད་ནས་གལ་ཆེན་པོ་ཆགས་ཡོད་པ་རེད།

ཟི་ལིང་ནས་ཁྲིན་ཏུའུ་བར་གྱི་ལྕགས་ལམ་གྱིས་བོད་ཁུལ་སྟངས་འཛིན་བྱེད་བདེ་དང་། མི་འབོར་སྤོ་ཤུགས་ཇེ་ཆེར་གཏོང་བ། རྒྱ་ནག་ནང་ལོགས་ནས་བོད་ཁུལ་དུ་ཚོང་ལས་གཉེར་དུ་འགྲོ་མཁན་གྱི་རྒྱ་རིགས་ཚོར་ཁེ་བཟང་ཆེ་བ། དེ་བཞིན་ཕྱི་ལོ་ ༢༠༠༨ ལོར་ངོ་རྒོལ་བྱུང་ཡུལ་བླ་བྲང་དང་རེབ་གོང་། ཕྱི་ལོ་ ༢༠༠༩ ནས་བཟུང་རང་སྲེག་ངོ་རྒོལ་བྱུང་ཡུལ་རྔ་བ་སོགས་བོད་ཀྱི་ས་ཁུལ་རྣམས་ལ་དམ་དྲག་བྱེད་བདེ་རུ་གཏོང་གི་ཡོད་སྐོར་འབྲེལ་ཡོད་ཉམས་ཞིབ་པ་ཚོས་བརྗོད་ཀྱི་འདུག

དུས་བབ་གསར་ཁང་གིས་སྤེལ།

 

The post ཟི་ལིང་ནས་ཁྲིན་ཏུའུ་བར་གྱི་ལྕགས་ལམ་ཕྱེད་ཙམ་འགྲུབ་ཡོད་ཟེར། appeared first on བོད་ཀྱི་དུས་བབ།.

Original Article