འཕྲོད་བསྟེན་བཀའ་བློན་པདྨ་མཚོ་མཆོག་གིས་སྦིར་སྡེ་ནང་གསུམ་དུ་གཞུང་འབྲེལ་འཚམས་གཟིགས་གནང་བ།

2 hours ago

༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༡༠ ཚེས་ ༢༡ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་པདྨ་མཚོ་མཆོག་གིས་ཅོན་ཊ་ར་དང་སྦིར་བོད་ཚོགས། སྦིར་སྡེ་དགེ་བཅས་སུ་གཞུང་འབྲེལ་འཚམས་གཟིགས་གནང་ཡོད།

འཚམས་གཟིགས་རིང་བཀའ་བློན་མཆོག་གིས་ས་གནས་འགོ་འཛིན་གཙོས་པོས་ས་གནས་འཐུས་ཚོགས་དང་། ས་གནས་འཕྲོད་བསྟེན་སྨན་ཁང་གི་ལས་བྱེད། ས་གནས་སུ་གནས་སྡོད་གཞིས་མི་བཅས་དང་ཐུག་འཕྲད་གནང་ཡོད་ཅིང་། ས་གནས་ཀྱི་འཕྲོད་བསྟེན་མཐུན་རྐྱེན་དང་། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་མཐུན་འགྱུར་འོག་འགྲོ་མུས་ཡིན་པའི་འཕྲོད་བསྟེན་དང་འབྲེལ་བའི་ལས་གཞི་ཁག་ལ་གཟིགས་ཞིབ་གནང་ཡོད། དེ་བཞིན་བཀའ་བློན་མཆོག་གིས་ཅོན་ཊ་ར་དོན་ལྡན་རྒན་གསོ་ཁང་དང་། ཅོན་ཊ་ར་དང་སྦིར་དུ་རྟེན་གཞི་བྱས་པའི་སྨན་རྩིས་ཁང་ཡན་ལག་བཅས་སུ་གཟིགས་སྐོར་གནང་ཡོད། དེ་རྗེས་བཀའ་བློན་པདྨ་མཚོ་མཆོག་གིས་ལི་ལི་གྲོང་སྡེ་གཞི་མི་རྣམས་དང་ཐུག་འཕྲད་ཀྱིས་བོད་མིིའི་སྐད་དང་རིག་གཞུང་སྲུང་སྐྱོབ་བྱ་རྒྱུ་དང་། ཕྲུ་གུ་རྣམས་ལ་ཤེས་ཡོན་ཚད་ལྡན་མཁོ་སྤྲོད་བྱ་རྒྱུ། སྤྱི་ཚོགས་ནང་ཕན་ཚུན་འཆམ་མཐུན་གནས་དགོས་པ། དེ་བཞིན་གཙང་སྦྲ་འཕྲོད་བསྟེན་ལ་དོ་སྣང་བྱེད་དགོས་པ་བཅས་ཀྱི་གལ་གནད་ཐོག་ནན་བརྗོད་གནང་ཞིང་། གཞོན་སྐྱེས་རྣམས་ནས་བོད་ཀྱི་གསོ་བ་རིག་པའི་ཐོག་སློབ་གཉེར་གནང་དགོས་པའི་སྐུལ་འདེད་གནང་ཡོད།

གཞན་ཡང་བཀའ་བློན་མཆོག་གིས་བཀའ་ཤག་སྐབས་ ༡༧ པའི་གཞུང་མང་དབར་འབྲེལ་ལམ་དམ་ཟབ་དང་། ས་གནས་ཀྱི་དཀའ་ངལ་ཁག་ལ་བསམ་གཞིག འཕྲོད་བསྟེན་ལྟ་སྐྱོང་མཐུན་རྐྱེན་ཡར་རྒྱས། འཁོས་ཞན་ལ་ལྟ་སྐྱོང་དང་རྒྱབ་སྐྱོར་བྱ་རྒྱུའི་ཆོད་སེམས་གསལ་སྟོན་གནང་ཞིང་། འཕྲོད་བསྟེན་ལྟ་སྐྱོང་ལས་བྱེད་རྣམས་ཀྱི་ལྷག་བསམ་ལ་བསྔགས་བརྗོད་དང་སྦྲགས། འཕྲོད་བསྟེན་ལྟ་སྐྱོང་ཞབས་ཞུ་ཡར་རྒྱས་ཡོང་བར་ནད་པའི་སྙན་ཐོ་རྣམས་ཁ་གསལ་ཉར་དགོས་པའི་གལ་གནད་ཐོག་ནན་བརྗོད་གནང་ཡོད།

དེ་ནས་འཕྲོད་བསྟེན་བཀའ་བློན་མཆོག་གིས་བཀྲ་ཤིས་ལྗོངས་བོད་མིའི་གཞིས་ཆགས་སུ་གཟིགས་སྐོར་གནང་སྟེ་ས་གནས་ཀྱི་སྐུ་ཚབ་དང་ས་གནས་འཕྲོད་བསྟེན་སྨན་ཁང་གི་ལས་བྱེད་བཅས་དང་ཐུག་འཕྲད་ཀྱིས་སྤྱི་ཚོགས་ཀྱི་འཕྲོད་བསྟེན་ཞབས་ཞུའི་ཐོག་བཀའ་བསྡུར་གནང་ཡོད།

མཐར་སྦིར་ས་གནས་འཐུས་ཚོགས་ཁག་གསུམ་ནས་བཀའ་བློན་མཆོག་ལ་དྲན་རྟེན་ཕྱག་རྟགས་ཕུལ་ཡོད་པ་བཅས། །

Original Article