རྒྱ་གར་ཧི་མ་ཅལ་མངའ་སྡེ་ནས་ལ་དྭགས་ཀྱི་འཕགས་བོད་ས་མཚམས་བར་ Shinkun La ཕུག་ལམ་གསར་འཛུགས་གནང་བཞིན་པ་དང་འབྲེལ། རྒྱ་ནག་ལ་ཤུགས་རྐྱེན་ཐེབས་ངེས་ཡིན་པ་བརྗོད་འདུག དེ་ཡང་དེ་རིང་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་གི་ནང་དུ་གནས་ཚུལ་ཐོན་པར་གཞིགས་ན། རྒྱ་གར་གྱིས་ Project Yojak ཞེས་པའི་ལས་འཆར་འོག་ཕྱི་ལོ་ ༢༠༢༤ ཟླ་ ༧ ཚེས་ ༢༦ ནས་འགོ་འཛུགས་ཀྱིས་ཧི་མ་ཅལ་མངའ་སྡེ་ནས་ལ་དྭགས་བཅས་ཀྱི་འཕགས་བོད་ས་མཚམས་སུ་འཛམ་གླིང་ནང་གི་ཕུག་ལམ་མཐོ་ཤོས་ཤིག་གསར་འཛུགས་གནང་བཞིན་པ་དང་འབྲེལ། ལས་འཆར་དེ་ནི་ལོ་བཞི་ལྷག་གི་ལས་འཆར་ཞིག་ཡིན་པ་དང་ཕྱི་ལོ་ ༢༠༢༨ ཟླ་ ༨ པའི་ནང་ལེགས་གྲུབ་གནང་ཟིན་པ་བྱ་རྒྱུ་རེད་འདུག་པ་མ་ཟད། ལས་འཆར་དེའི་གཙོ་བོ་ཧི་མ་ཅལ་དང་ལ་དྭགས་གཉིས་ཀྱི་ནང་དགུན་དུས་གྲང་ངར་ཆེ་བའི་དུས་སྐབས་སུ་འགྲོ་འོང་ལས་སླ་རུ་འགྲོ་རྒྱུ་དང་ས་མཚམས་ས་ཁུལ་དུ་རྒྱལ་སྲུང་དམག་མི་དང་དམག་ཆས་སོགས་མགྱོགས་པོ་འོར་འདྲེན་བྱེད་ཐུབ་པ་བྱ་རྒྱུ་དེ་རེད་འདུག ཕུག་ལམ་དེའི་ས་གནས་ལ་གངས་བབས་པ་དང་ས་རུད་ཀྱི་གཏོར་བཤིག་བྱུང་བའི་ལམ་ཁ་དགག་པ་སོགས་ཀྱི་དཀའ་ངལ་ལ་གདོང་ལེན་བྱེད་ཐུབ་ཀྱི་ཡོད་པ་བརྗོད་འདུག་པ་མ་ཟད། ཕུག་ལམ་དེར་ཁྱོན་ཧིན་སྒོར་བྱེ་བ་ ༡༦༨༡ ལྷག་གི་འགྲོ་གྲོན་བཏང་ཡོད་པ་དང་རྒྱ་མཚོ་ནས་མཐོ་ཚད་ཕི་ཊི་ ༡༥༨༠༠ ཡོད་པ་དེས་ཧི་མ་ཅལ་དང་ལ་དྭགས་གཉིས་ནང་གི་ལོ་གཅིག་གི་འགྲོ་འོང་ཡར་རྒྱས་ཕྱིན་སྲིད་པ་དང་མི་མང་དང་དམག་སྲུང་སོགས་ལ་འགྲུལ་བཞུད་ལས་སླ་རུ་ཕྱིན་སྲིད་པ་བརྗོད་འདུག དེ་བཞིན་ཕུག་ལམ་དེས་ལ་དྭགས་ཀྱི་འཕེལ་རྒྱས་ཀྱི་འཆར་གཞི་དང་འབྲེལ་བ་ཡོད་པ་མ་ཟད། ཁུལ་དེའི་གཞུང་ལམ་དང་ཚོང་འབྲེལ། དེ་བཞིན་ས་གནས་ཀྱི་འགྲོ་འོང་ལའང་ཕན་ཐོགས་ཆེན་པོ་བྱུང་ངེས་ཡིན་པ་བརྗོད་འདུག་པ་དང་བདེ་འཇགས་ལའང་ཕན་ཐོགས་ཆེན་པོ་བྱུང་ངེས་ཡིན་པ་དང་འབྲེལ། ཛ་དྲག་གི་གནས་སྟངས་ལ་ཕུག་ལམ་བརྒྱུད་མྱུར་པོ་སླེབས་ཐུབ་པ་དང་མི་ཕན་ཚུན་འགྲོ་འོང་ལའང་སྟབས་བདེ་རུ་འགྲོ་སྲིད་པ་བརྗོད་འདུག ཕྱོགས་མཚུངས་ Shinkun La ཕུག་ལམ་དེ་བཞིན་ལེགས་པར་འཛུགས་སྐྲུན་གནང་ཟིན་པའི་རྗེས་སུ་འཛམ་གླིང་ནང་མོ་ཊའི་རིགས་འགྲོ་ཐུབ་པའི་ཕུག་ལམ་མཐོ་ཤོས་དེ་ཆགས་ཀྱི་ཡོད་པ་དང་། རྒྱ་གར་གྱི་མཐོ་སྒང་ས་ཁུལ་གྱི་རྨང་གཞིའི་འཛུགས་སྐྲུན་གྱི་གལ་ཆེའི་རང་བཞིན་ཞིག་ཏུ་འགྱུར་རྒྱུ་ཡིན་པ་མ་ཟད། ཚོར་སྐྱེན་པའི་ས་མཚམས་ས་ཁུལ་དུ་འབྲེལ་མཐུད་ཤུགས་ཆེ་རུ་གཏོང་ཐུབ་ཀྱི་ཡོད་པ་བརྗོད་འདུག རྩ་བའི་ཕྱི་ལོ་ ༢༠༢༠ ལོར་ལ་དྭགས་ཁུལ་གྱི་འཕགས་བོད་ས་མཚམས་སུ་རྒྱ་དཀར་གཉིས་ཀྱི་དབར་དམག་སྲུང་ཐིག་ཐོག་རྩོད་རྙོག་བྱུང་རྗེས་ཕྱོགས་གཉིས་ཀྱི་དམག་མི་ཕན་ཚུན་དངོས་སུ་གདོང་ཐུག་བྱེད་དགོས་པ་སོགས་ཀྱི་གནས་ཚུལ་བྱུང་བའི་རྐྱེན་གྱིས། ཁུལ་དེར་རྒྱལ་ཁབ་གཉིས་ཀྱི་དམག་སྲུང་ཐོག་དམ་དྲག་ཆེ་རུ་བཏང་བ་དང་དམག་མི་འགྲེམས་འཇོག་མང་དུ་གཏོང་བ། དེ་བཞིན་ཚོང་འབྲེལ་དགག་པ་སོགས་བྱུང་ཡོད་པ་མ་ཟད། ཕྱོགས་གཉིས་ཀྱིས་ཁུལ་དེར་འཛུགས་སྐྲུན་གྱི་ལས་གཞི་སྣ་མང་ཞིག་སྤེལ་ཡོད་པ་རེད།
The post རྒྱ་གར་གྱིས་འཕགས་བོད་ས་མཚམས་སུ་འཛམ་གླིང་ནང་གི་ཕུག་ལམ་མཐོ་ཤོས་འཛུགས་སྐྲུན་གནང་བཞིན་པ། appeared first on vot.



