རྒྱ་ནག་གཞུང་གིས་བོད་མིའི་སྒྲིག་འཛུགས་དང་ཐའེ་ཝན། ཡུ་གུར་བ་སོགས་ཚོགས་སྡེ་དང་མི་སྒེར་གྱི་གནས་ཚུལ་ལ་ཉུལ་ཞིབ་བྱས་ཏེ། མིས་བཟོས་རིག་ནུས་ལ་བརྟེན་ནས་རྒྱ་ནག་གི་དྲག་གནོན་གྱི་སྲིད་ཇུས་རྒྱ་བསྐྱེད་ཐབས་བྱེད་བཞིན་འདུག
ཨ་རིར་རྟེན་གཞི་བྱས་པའི་ཨན་ཐི་རོ་པིག་ (Anthropic) ཅེས་པའི་མིས་བཟོས་རིག་ནུས་ཉམས་ཞིབ་ཁང་གིས། ཕྱི་ལོ་ ༢༠༢༥ ཟླ་ ༡༢ པ་ནས་ ༢༠༢༦ ཟླ་ ༩ བའི་བར་ད་ལྟ་དར་ཁྱབ་དང་སྤྱོད་སྒོ་ཆེ་བའི་མིས་བཟོས་རིག་ནུས་བཀོལ་སྤྱོད་བྱེད་ཕྱོགས་སྐོར་ལ་ཉམས་ཞིབ་བྱས་ཏེ། ཁ་བྱང་ལ་མིས་བཟོས་རིག་ནུས་ལོག་སྤྱོད་ལ་གདོང་ལེན་དང་ངོས་འཛིན་ཞེས་པའི་སྙན་ཐོ་ཞིག་བཏོན་པ་ལྟར་ན། རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་དང་རྒྱ་ནག་བདེ་སྲུང་ལྷན་ཁང་། དེ་བཞིན་ཆོས་ལུགས་ལས་དོན་ལྷན་ཁང་བཅས་ཀྱིས་དམར་ཤོག་ཚོགས་པའི་ཆབ་སྲིད་ལངས་ཕྱོགས་དང་མཐུན་པའི་ཐོག་ནས་རྒྱ་ནག་གཞུང་འབྲེལ་གྱི་ཆེད་མངགས་དྲ་དམག་ཁག་ཅིག་གིས་རིག་ནུས་ཀྱི་བྱེད་སྒོ་སྤྱད་དེ་བོད་མི་དང་ཡུ་གུར་བ། ཐའེ་ཝན། དེ་བཞིན་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་སྡེ་ཁག་ལ་ལྟ་རྟོག་བྱེད་བཞིན་ཡོད་པ་ཟད། རྒྱལ་མཚམས་ལས་བརྒལ་བའི་དྲ་རྒྱའི་དྲག་གནོན་ལག་བསྟར་བྱེད་བཞིན་ཡོད་འདུག
སྙན་ཐོ་དེའི་ནང་ཐོན་པའི་གནས་ཚུལ་ལྟར་ན། རྒྱ་ནག་གཞུང་གིས་མིས་བཟོས་རིག་ནུས་ལ་བརྟེན་ནས་བོད་དང་ཐའེ་ཝན། ཡུ་གུར་སོགས་ཀྱི་གནད་དོན་ཐོག་རྒྱ་ནག་གི་ཆབ་སྲིད་ཀྱི་འགྲེལ་བརྗོད་རྒྱ་བསྐྱེད་ཐབས་བྱེད་བཞིན་ཡོད། དཔེར་ན་བོད་མིའི་སྒྲིག་འཛུགས་ནི་ཁྲིམས་འགལ་ཐོག་བཙུགས་པའི་ཁ་བྲལ་བའི་སྒྲིག་འཛུགས་ཤིག་ཡིན་ཟེར་བ་ལྟ་བུ་ཡོད་ཅིང་། རྒྱ་ནག་གི་དམིགས་འབེན་འོག་བོད་ཀྱི་གནད་དོན་དང་འབྲེལ་ནས་བོད་མིའི་སྒྲིག་འཛུགས་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་། བོད་རང་བཙན་སློབ་ཕྲུག་ཚོགས་པ། དེ་བཞིན། བོད་པའི་དགོན་སྡེ་ཁག་དང་བོད་དོན་ཞུ་གཏུག་གནང་མཁན་གྱི་ཚོགས་སྡེ་སོགས་ཚུད་ཡོད་འདུག
རྒྱ་ནག་གི་དྲ་དམག་སྡེ་ཁག་དེས། ཨ་རིའི་མིས་བཟོས་རིག་ནུས་ (Claude) ནང་རྒྱ་ནག་དམར་ཤོག་ཚོགས་པའི་ལངས་ཕྱོགས་དང་མཐུན་པའི་བྱེད་ནུས་རྐྱང་འཇུག་ཐབས་དང་རྒྱ་ནག་གཞུང་གི་ཁ་གཏད་དུ་གྱུར་བའི་གནས་ཚུལ་རིགས་བཀག་སྡོམ་བྱེད་པར་འབད་པ་བཞིན་ཡོད་པ་མ་ཟད། བོད་མིའི་སྒྲིག་འཛུགས་དང་བོད་པའི་ཚོགས་སྡེ་ཁག དེ་བཞིན་བོད་མི་མི་སྒེར་སོགས་ཀྱི་གནས་ཚུལ་གསང་བའི་ལམ་ནས་བསྡུ་རུབ་ཀྱིས་རྒྱ་ཡིག་ཏུ་བསྒྱུར་ཏེ། རྒྱ་ནག་གི་གསང་བའི་སྒྲིག་འགོད་འོག་འཆར་གཞི་ལྡན་པའི་ཐོག་ནས་རྒྱ་ནག་གི་ཆབ་སྲིད་ཀྱི་འགྲེལ་བརྗོད་དང་མཐུན་པར་བཟོ་ཡི་ཡོད་འདུག
གནད་དོན་དེའི་ཐད་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་ཀྱིས། བཙན་བྱོལ་བོད་གཞུང་དང་བོད་བརྒྱུད་ནང་བསྟན་གྱི་ཚོགས་སྡེ་ཁག དེ་བཞིན་བོད་པའི་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གིས་ཞི་བའི་ལམ་ནས་བོད་མིའི་གཞི་རྩའི་ཐོབ་ཐང་ཞུ་གཏུག་གནང་བ་ཙམ་ལ་མིས་བཟོས་རིག་ནུས་བཀོལ་སྤྱོད་བགྱིས་ཏེ་དྲག་གནོན་བྱེད་པ་ནི་དེང་དུས་ཀྱི་འཕྲུལ་རིག་ལོག་སྤྱོད་བྱས་པ་ཙམ་མ་ཡིན་པར། དེ་ནི་རྣམ་པ་གསར་བའི་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་ཞིག་ཆགས་ཡོད་ཅེས་དང་། རྒྱལ་སྤྱིའི་སྲིད་གཞུང་ཁག་དང་མིས་བཟོས་རིག་ནུས་བཟོ་ལས་ཁང་ཁག་གིས། འཕྲུལ་རིག་གསར་བཏོད་ཀྱི་དམིགས་ཡུལ་ནི་འགྲོ་བ་མིའི་ཤེས་ཡོན་གོང་འཕེལ་གཏོང་ཆེད་ཡིན་པ་ལས། སྲིད་དབང་སྒེར་གཅོད་གཞུང་གི་སོ་ལྟ་དང་འཇིགས་སྐུལ་གྱི་བྱ་སྤྱོད་རྒྱ་བསྐྱེད་གཏོང་བ། དེ་བཞིན་མིའི་རིགས་ཀྱི་ངོ་བོ་དང་ལོ་རྒྱུས་ནག་བསུབ་གཏོང་ཆེད་མིན་ཞེས་བརྗོད་འདུག
The post རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲ་རྒྱའི་དྲག་གནོན་ལག་བསྟར་བྱེད་བཞིན་འདུག appeared first on བོད་ཀྱི་དུས་བབ།.



