༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༡༠ ཚེས་ ༡༦ ནས་ ༢༣ བར་ཉིན་གྲངས་བརྒྱད་རིང་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ནས་དྷ་སའི་ཉེ་འདབས་སུ་ཆགས་པའི་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་ས་གནས་འགོ་འཛིན་ལས་ཁུངས་ཁག་གི་རྩིས་པ་གསར་པ་དང་ཉམས་མྱོང་ལོ་ལྔ་ལས་ཉུང་བའི་རྩིས་པ་རྣམས་ལ་རྩིས་པའི་འཇོན་རྩལ་ནུས་སྤེལ་གྱི་ཟབ་སྦྱོང་གོ་སྒྲིག་གནང་ཡོད་ཅིང་། སྐབས་དེར་ས་འགོ་ལས་ཁུངས་ཁག་གི་རྩིས་པ་ ༢༢ མཉམ་ཞུགས་གནང་ཡོད།
དེ་ཡང་ཕྱི་ཚེས་ ༡༦ ཉིན་ཟབ་སྦྱོང་གི་དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་ནང་སྲིད་བཀའ་བློན་དཔལ་ལྡན་དོན་གྲུབ་མཆོག་དང་། ནང་སྲིད་དྲུང་ཚབ་ཚེ་རིང་གཡུ་སྒྲོན་ལགས། དྲུང་འཕར་བསོད་ནམས་བཟང་པོ་ལགས། འཛིན་སྐྱོང་འགན་འཛིན་བསྟན་འཛིན་ཀུན་བཟང་ལགས། ནང་ཞིབ་བསྟན་འཛིན་རྣམ་སྒྲོལ་ལགས། ནང་སྲིད་ལས་ཁུངས་ཀྱི་རྩིས་པ་བཅས་ཕེབས་ཞུགས་གནང་ཡོད། སྐབས་དེར་བསོད་ནམས་སྟོབས་རྒྱལ་ལགས་ཀྱིས་ཟབ་སྦྱོང་གི་ངོ་སྤྲོད་དང་དགོས་དམིགས་དང་འབྲེལ། ཚོགས་བཅར་བ་རྣམས་ཀྱི་དངུལ་རྩིས་སྟངས་འཛིན་དང་། རྩིས་ཀྱི་འགྲོ་ལུགས། འཛིན་སྐྱོང་གི་འགན་ཁུར་བཅས་ཀྱི་ཐོག་ཤེས་ཚད་དང་ལག་ལེན་ལྡན་པའི་སྩལ་གོང་མཐོར་གཏོང་རྒྱུ་ནི་གལ་གནད་ཆེན་པོ་ཡིན་པའི་ཐོག་ནན་བརྗོད་གནང་གྲུབ་རྗེས་ནང་སྲིད་བཀའ་བློན་མཆོག་ནས་གསུང་བཤད་གནང་།ཟབ་སྦྱོང་གི་དམིགས་ཡུལ་ནི་རྩིས་པ་རྣམས་ལ་རྩིས་ཀྱི་འགྲོ་ལུགས་དང་། རྩིས་ཁྲ་ཉར་འཇོག་བྱེད་སྟངས། མཐའ་མའི་རྩིས་ཁྲ་དང་དངུལ་རྩིས་སྙན་ཞུ་འབུལ་ཕྱོགས། སྔོན་རྩིས་གྲ་སྒྲིག འབབ་ཁྲལ། དངོས་ཟོག་དང་ཞབས་ཞུའི་ཁྲལ། ཕྱི་དངུལ་ལེན་བེད་ཕྱོགས་པའི་ཁྲིམས་སྒྲིག་བཅས་ཀྱི་ཐོག་ལག་ལེན་ལྡན་པའི་སྦྱོང་བརྡར་དང་ལམ་སྟོན་གནང་བའི་བརྒྱུད་རྩིས་ཀྱི་འཇོན་སྩལ་ནུས་པ་གོང་འཕེལ་གཏོང་རྒྱུ་དེ་ཡིན་ཞིང་། ཟབ་སྦྱོང་ཁྲོད་སྤྱི་བཏང་འཛིན་སྐྱོང་དང་། ལས་གཞི་ཁག་ལག་བསྟར། ལས་འཆར་ཁག་འབྲི་སྟངས་དང་སྙན་ཐོ་འབུལ་ཕྱོགས། རྩིས་ཞིབ་ཀྱི་སྙན་ཐོའི་ལན་འདེབས་གྲ་སྒྲིག དེ་བཞིན་རྩིས་ཀྱི་ནུས་པ་གོང་མཐོར་གཏོང་སླད་ Tally Prime དང་བཅོས་མའི་རིག་རྩལ་བེད་སྤྱོད་བྱེད་ཕྱོགས་བཅས་ཀྱི་ཐོག་སྦྱོང་བརྡར་གནང་རྒྱུ་ཡིན་པ་རེད།
ཟབ་སྦྱོང་འདིའི་བརྒྱུད་གསར་དུ་བསྐོ་གཞག་དང་ཉམས་མྱོང་ཉུང་ཉུང་ལས་མེད་པའི་རྩིས་པ་རྣམས་ལ་རང་ཉིད་ཀྱི་ལས་འགན་ནུས་པ་ལྡན་པའི་ཐོག་སྒྲུབ་ཐུབ་པར་མཁོ་བའི་ཤེས་བྱ་དང་། ནུས་རྩལ། གདེང་ཚོད་བཅས་མཁོ་སྤྲོད་བྱ་རྒྱུ་དང་ཆབས་ཅིག ས་འགོ་ལས་ཁུངས་ཁག་ཏུ་རྩིས་ཞིབ་ཚགས་དང་། ཕྱི་གསལ་ནང་གསལ། དངུལ་རྩིས་སྟངས་འཛིན་ཡང་དག་ཡོང་བར་ནུས་པ་གོང་འཕེལ་གཏོང་རྒྱུ་དེ་ཡིན་པ་བཅས། །





