སྐུའི་ཡང་སྲིད་ཐད་ཡུ་རོབ་མཐུན་ཚོགས་ཀྱི་ལངས་ཕྱོགས་གསལ་འདོན་གནང་བ།

4 days ago

ཡུ་རོབ་གྲོས་ཚོགས་སུ་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་གཏན་འབེབས་དང་འབྲེལ་བགྲོ་གླེང་གནང་ཡོད་འདུག་ཅིང་། སྐབས་དེ་དུས་ཡུ་རོབ་གྲོས་ཚོགས་ཀྱི་སྤྱི་ཁྱབ་འགན་འཛིན་གྱིས་༧གོང་ས་མཆོག་གི་སྐུའི་ཡང་སྲིད་གནད་དོན་ཐད་རྒྱ་ནག་གིས་ཐེ་བྱུས་བྱས་ན་འགྲིག་གི་མེད་ཅེས་སྐྱོན་བརྗོད་བྱས་འདུག

ཕྱི་ལོ་༢༠༢༦ ཟླ་༥ ཚེས་༥ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་རྒྱའི་ཐོག་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ཚེས་༥ ཉིན་ཡུ་རོབ་གྲོས་ཚོགས་སུ་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་གཏན་འབེབས་དང་འབྲེལ་བའི་སྐོར་བགྲོ་གླེང་གནང་གྲུབ་རྗེས། ཡུ་རོབ་མཐུན་ཚོགས་ཀྱི་སྤྱི་ཁྱབ་འགན་འཛིན་ལྕམ་སྐུ་ཧཌ་ཇ་ལ་བྷིབ་ (Hadja Lahbib)ཀྱིས་བོད་མིའི་ཆོས་དད་རང་དབང་ཐོག་ཡུ་རོབ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱབ་སྐྱོར་བསྐྱར་ནན་གྱིས་གསུང་བཤད་གནང་ཡོད་འདུག་པ་དང་།ཁོང་གིས་ཡུ་རོབ་མཐུན་ཚོགས་ངོས་ནས་ཆོས་ཕྱོགས་ཀྱི་དབུ་ཁྲིད་འདེམས་སྒྲུག་སྐབས་གཞུང་གི་ཐེ་བྱུས་མེད་པ་དང་། ཆོས་ལུགས་ཀྱི་ཁྲིམས་ལ་བརྩི་བཀུར་དགོས་གལ་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད་པ་གསུངས། ཁོང་གི་གསུང་བཤད་དེས་ཡུ་རོབ་མཐུན་ཚོགས་ཀྱི་ལངས་ཕྱོགས་གཅིག་འགྱུར་མཚོན་གྱི་ཡོད་པ་དང་། ལྷག་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་གནད་དོན་ནི་ཆོས་ལུགས་ཀྱི་གནད་དོན་ཞིག་ཡིན་ཞིང་། དེ་ནི་རྒྱ་གཞུང་གི་ཐེ་བྱུས་མེད་པར་བོད་བརྒྱུད་ནང་བསྟན་ཀྱི་སྤྱི་ཚོགས་ཁོ་ནར་བདག་དབང་ཡོད་པ་གསལ་ཡོད་འདུགལངས་ཕྱོགས་དེ་བཞིན་ཕྱི་ལོ་༢༠༢༦ ཟླ་༤ ཚེས་༣༠ ཉིན་ཡུ་རོབ་གྲོས་ཚོགས་ཀྱིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ལ་སྐྱོན་བརྗོད་བྱས་པའི་གྲོས་ཆོད་གཏན་འབེབས་གནང་སྐབས་གསལ་པོར་མཚོན་ཡོད་པ་དང་། གྲོས་ཆོད་དེར་འོས་ཤོག་༤༣༩ ལྷག་གིས་རྒྱབ་སྐྱོར་གནང་ཡོད་འདུགཡུ་རོབ་གྲོས་ཚོགས་དང་ཡུ་རོབ་མཐུན་ཚོགས་ཀྱི་སྤྱི་ཁྱབ་འགན་འཛིན་གྱིས་རྒྱབ་སྐྱོར་གནང་བ་དེས་བོད་ཀྱི་རིག་གཞུང་དང་ཆོས་ཕྱོགས་ཀྱི་ངོ་བོ་སྲུང་སྐྱོབ་བྱ་རྒྱུ་ནི་ཕྱི་འབྲེལ་སྲིད་བྱུས་ཀྱི་རྨང་གཞི་ཞིག་ཡིན་ཞེས་བརྗོད་འདུག ཡུ་རོབ་མཐུན་ཚོགས་ཀྱི་ལངས་ཕྱོགས་དེ་ནི་ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་ལྷན་ཚོགས་ (EU-China Summit) དང་། ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་དབར་གྱི་འགྲོ་བ་མིའི་ཐོབ་ཐང་གླེང་མོལ་ (EU-China Human Rights Dialogue) ལྟ་བུའི་ཆབ་སྲིད་ཀྱི་མཐོ་རིམ་ཚོགས་འདུ་ལའང་གལ་འགངས་བརྩི་ཡི་ཡོད་པ་མ་ཟད། ཡང་སྲིད་ཀྱི་གནད་དོན་ཐོག་གཞུང་གིས་ཐེ་བྱུས་བྱེད་པར་སྐྱོན་བརྗོད་མུ་མཐུད་བྱེད་བཞིན་ཡོད་འདུགགསར་འགོད་པ། བསོད་ནམས་ཕུན་ཚོགས།

Original Article