སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག

1 hour ago

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་འདི་ཟླའི་ཚེས་ ༥ ནས་ ༢༠ བར་སུད་སི་དང་། ཅེཀ་སྤྱི་མཐུན་རྒྱལ་ཁབ། འཇར་མན་བཅས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག

ཕྱི་ཚེས་ ༠༨ ཉིན། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་སུད་སིའི་ཛུ་རིག་ཏུ་ཕེབས་འབྱོར་གྱིས། ཉིན་དེའི་ཕྱི་དྲོར་ཛུ་རིག་གི་ཧིལ་ཊོན་གསོལ་མགྲོན་ཁང་དུ་སུད་སི་དང་དེའི་ཉེ་འཁོར་གྱི་གནས་སྡོད་བོད་པའི་གཞོན་སྐྱེས་སློབ་ཕྲུག་ཁག་གཅིག་ལ་མཇལ་འཕྲད་ཀྱིས། བོད་མིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞི་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལས་འགན་གཙོ་གྲས། འཛམ་གླིང་གི་ས་ཁམས་ཆབ་སྲིད་ཀྱི་འགྱུར་ལྡོག་གིས་བོད་དོན་ལ་ཐད་ཀར་ཤུགས་རྐྱེན་ཐེབས་ཚུལ་སྐོར་ལ་གཏམ་བཤད་དང་དྲི་བ་དྲིས་ལན་གྱི་བགྲོ་གླེང་ཚོགས་ཡོད་འདུག

ཕྱི་ཚེས་ ༠༩ ཉིན། སྲིད་སྐྱོང་མཆོག་སུད་སིའི་ཁེ་ལས་བ་དང་། བོད་དོན་རྒྱབ་སྐྱོར་བ། སྐུ་ཞབས་ཁི་རི་ཤན་ལུ་ཛི་ལགས་ཀྱིས་གསར་འཛུགས་གནང་བའི་སུད་སི་གྲོང་ཁྱེར་སྦེ་སལ་ Erlenstrasse 29 དུ་རྟེན་གཞི་བྱས་པའི་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་། ཆོས་ཕྱོགས་ཀྱི་ཤུལ་བཞག་རྣམས་ཉར་ཚགས་དང་དར་སྤེལ་གཏོང་རྒྱུར་དམིགས་ཏེ་བཙུགས་པའི་སྒེར་གཉེར་དངོས་རྫས་འགྲེམས་སྟོན་ཁང་དུ་གཟིགས་སྐོར་གནང་ཞིང་། སྐུ་ཞབས་ལུ་ཛི་ལགས་ཀྱིས་ལོ་ངོ་བཅུ་ཕྲག་རིང་ཅ་དངོས་དེ་དག་བསྡུ་རུབ་དང་ཉར་ཚགས་གནང་བར་བསྔགས་བརྗོད་དང་། བོད་ནང་གི་གནས་སྟངས་ཛ་དྲག་ཏུ་འགྲོ་བཞིན་པའི་དུས་སྐབས་འདིར་ཕྱིའི་རྒྱལ་ཁབ་ནང་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་གི་ངོ་བོ་མུ་མཐུད་གསོན་གནས་ཐུབ་པའི་འགྲེམས་སྟོན་ཁང་དེ་ལྟ་བུ་གལ་འགངས་ཆེན་པོ་ཡིན་ཞེས་ནན་བརྗོད་གནང་ཡོད་འདུག

ཕྱི་ཚེས་ ༡༠ ཉིན། སྲིད་སྐྱོང་མཆོག་རི་ཀོན་ཆོས་འཁོར་དགོན་དུ་འཚམས་གཟིགས་ཀྱིས། དགོན་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་དང་ལྷན་མ་འོངས་མཉམ་ལས་བྱེད་ཕྱོགས་སྐོར་བཀའ་བསྡུར་གྱིས།  བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་མིས་བཟོས་རིག་ནུས་ཀྱིས་རམ་འདེགས་ཡོད་པའི་ཐོག་གློག་རྡུལ་བརྒྱུད་འཛིན་སྐྱོང་དང་གྲངས་རིག་ཅན་བཅས་སྒྲིག་འཛུགས་ནུས་སྟོབས་གོང་སྤེལ་གཏོང་ཕྱོགས་སོགས་མ་འོངས་པའི་ལས་གཞི་བཅས་ཀྱི་སྐོར་ངོ་སྤྲོད་གནང་ཡོད་འདུག

ཕྱི་ཚེས་ ༡༡ ཉིན། སྲིད་སྐྱོང་མཆོག་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པ་རག་ཏུ་ཕེབས་འབྱོར་གྱིས་ ༢༠༠༠ ཞི་བདེའི་གླེང་སྟེགས་ཐེངས་ ༣༠ ཉིན་དང་པོའི་ཐོག་ཕེབས་ཞུགས་ཀྱིས། ཁོང་གིས་བཙན་བྱོལ་ནང་གི་མང་གཙོའི་གཞུང་ (Democratic Government in Exile or in a Contested Position: Sharing Lessons, Enhancing Cooperation) ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་གནང་འདུག གཞན་ཡང་ ༢༠༠༠ གླེང་སྟེགས་ཀྱི་སྤྱི་ཁྱབ་ངེས་སྟོན་པ་སྐུ་ཞབས་ཇ་ཀུབ་ཀེ་ལེ་པལ་ (Jakub Klepal) ལགས་དང་མཇལ་མོལ་གནང་སྟེ། རྒྱ་ནག་གིས་བོད་ནང་བྱ་སྤྱོད་འདྲ་མིན་སྤེལ་ཏེ་མུ་མཐུད་བཙན་གནོན་བྱེད་མུས་ཡིན་པ་དང་། དེ་བཞིན་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཟེར་བའི་ཁྲིམས་ཡིག་དང་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན། ཨ་རི་གཞུང་དང་འབྲེལ་བ་བཅས་ཀྱི་ཐོག་བཀའ་བསྡུར་གནང་བ་དང་། ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ཚོགས་གཙོ་སྐུ་ཞབས་མེ་ལོ་སི་ (Miloš Vystrčil) ལགས་དང་། ཐའེ་ཝན་མང་གཙོ་ཐེབས་རྩའི་འགན་འཛིན་གཞོན་པ་སྐུ་ཞབས་ཆུང་ལུ་ (Yeh – Chung Lu) ལགས། སྦེལ་ལ་རུ་སི་ (Belarus) ཁ་གཏད་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་སི་ཝེ་ཏྲེ་ལ་ཎ་སི་ཁ་ནོ་སི་ཁཱ་ཡཱ་ (Sviatlana Tsikhanouskaya) ལགས་བཅས་དང་མཇལ་འཕྲད་གནང་ཡོད་འདུག

ཕྱི་ཚེས་ ༡༢ ཉིན། སྲིད་སྐྱོང་མཆོག་གིས་པ་རག་ (Prague Congress Centre) ཞེས་པའི་བསྟི་གནས་ཁང་དུ་ཚོགས་བཞིན་པའི་ ༢༠༠༠ ཞི་བདེའི་གླེང་སྟེགས་ཐེངས་ ༣༠ པའི་ཉིན་གཉིས་པར་མཉམ་ཞུགས་གནང་ཡོད་ཅིང་། དབུ་འབྱེད་ཀྱི་མཛད་སྒོ་དང་ཝ་ཁེ་ལེབ་ཧ་ཝེལ་གྱི་དབང་ཤུགས་མེད་པའི་སྙིང་སྟོབས་ (Václav Havel’s Courage of the Powerless) ཞེས་པའི་བརྗོད་གཞིའི་བགྲོ་གླེང་གི་ལས་རིམ་ཐོག་མཉམ་ཞུགས་གནང་བ་དང་། འཇར་མན་གྲོས་ཚོགས་ཀྱི་ཚོགས་མི་སྐུ་ཞབས་རོ་དྷི་རེ་ཁི་སི་ཝེ་ཊར་ (Roderich Kiesewetter) ལགས་དང་། ཉི་ཧོང་གྲོས་ཚོགས་འཐུས་མི་ཡུ་ཡ་མི་ནེ་ཤི་མཱ་ (Yuya Mineshima) ལགས་མཉམ་དུ་བགྲོ་གླེང་གནང་འདུག ཡང་ཁོང་གིས་ཨེ་པོག་དུས་བབ་ (The Epoch Times) གསར་ཁང་གི་གསར་འགོད་པ་མི་ལན་ཀ་ཇི་ནེག་ (Milan Kajínek) ལགས་ཀྱི་བཅར་འདྲི་དང་ལེན་གྱིས། རྒྱ་ནག་གིས་བོད་ནང་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བ་དང་། མ་འོངས་པའི་བོད་མི་རིགས་སིམ་སྒྱུར་སླད་མི་སེར་སྤེལ་ཡུལ་གྱི་གཏན་འཇགས་སློབ་གྲྭ་བཅས་ལག་བསྟར་བྱས་པ་བརྒྱུད་བོད་མིའི་ངོ་བོ་ལ་བཙན་གནོན་དམ་དྲག་བྱེད་བཞིན་པ་གསལ་སྟོན་གནང་ཡོད། དེ་བཞིན་ཆོས་ཁས་མི་ལེན་མཁན་རྒྱ་ནག་དམར་ཤོག་གཞུང་གིས་༸གོང་ས་རྒྱལ་བ་རིན་པོ་མཆོག་གི་ཡང་སྲིད་ངོས་འཛིན་ཐད་ཐེ་ཇུས་བྱེད་པར་སྐྱོན་བརྗོད་དང་། བོད་ནི་ཨེ་ཤི་ཡའི་ཆུའི་འགོ་ཁུངས་ཡིན་པ་དང་། རྒྱ་ནག་གཞུང་གིས་གཞི་རྒྱ་ཆེ་བའི་ཆུ་མཛོད་འཛུགས་སྐྲུན་དང་། ཁོར་ཡུག་ལ་གཏོར་སྐྱོན། དེ་བཞིན་ཆུ་ཐོན་རིག་པའི་གྲངས་ཐོའི་གནས་ཚུལ་རྣམས་ཕྱི་གསལ་མ་བྱས་པ་ལས་ས་ཁུལ་ཁག་ཏུ་ཟས་རིགས་དང་ཆུའི་བདེ་འཇགས་ལ་ཉེན་ཁ་འཕྲད་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་འདུག

ཉིན་རྒྱབ། ཝ་ཁེ་ལེབ་ཧ་ཝེལ་ཚོགས་ཁང་དུ་མང་གཙོ་ཚོགས་པ་དང་མཉམ་འབྲེལ་ཐོག་གོ་སྒྲིག་ཞུས་པའི་ཆོས་དད་ཆབ་སྲིད་ལ་འགྱུར་དུས། དབང་འཛིན་རིང་ལུགས་ཀྱི་དུས་རབས་ནང་རང་དབང་སྲུང་སྐྱོབ་ (When Faith Becomes Political: Defending Freedom in an Age of Authoritarianism) ཅེས་པའི་བགྲོ་གླེང་ཚོགས་འདུའི་ཐོག་གསུང་བཤད་ཀྱིས། བོད་མིའི་སྒྲིག་འཛུགས་ཀྱི་མགོ་ཁྲིད་རྣམས་ནས་འཛམ་གླིང་གི་མང་གཙོའི་སྲིད་གཞུང་དང་། ནང་པའི་སྤྱི་ཚོགས། བཙན་བྱོལ་སྤྱི་ཚོགས་བཙས་སུ་ཕྱི་འབྲེལ་གྱི་འབྲེལ་མཐུད་བརྒྱུད་རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་གྱི་ལམ་སྲོལ་རྒྱུན་མཐུད་ཐེ་ཇུས་བྱེད་བཞིན་པར་གདོང་ལེན་གནང་བཞིན་པའི་སྐོར་དང་། བོད་ནང་རྒྱ་ནག་གཞུང་གིས་དགོན་པ་ ༦༠༠༠ ལྷག་གཏོར་བཤིག་དང་། རིག་གནས་གསར་བརྗེའི་སྐབས་མི་མང་པོའི་ཚེ་སྲོག་ཤོར་བ། དེ་བཞིན་སོ་ལྟ་དང་ལྟ་སྲུང་དམ་དྲག་ཆེན་པོ་ཡོད་ནའང་། བོད་ནང་གི་བོད་མི་ཚོའི་སྙིང་སྟོབས་ཞུམ་པ་མེད་པར་གནས་ཡོད་པ། ཕྱི་ལོ་ ༡༩༩༥ པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གར་སོང་ཆ་མེད་དུ་གྱུར་བའི་སྐོར། ༧གོང་ས་རྒྱལ་བ་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་གྱི་བདག་དབང་དགའ་ལྡན་ཕོ་བྲང་ལ་ཡོད་སྐོར། བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་ཐོབ་ཐབས་སུ་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་སྲིད་ཇུས་དབུ་མའི་ལམ་གྱི་ཐོག་ཆོད་སེམས་བསྐྱར་ནན་དང་སྦྲགས། རྒྱ་ནག་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་འོག་བོད་མིའི་སྐད་དང་རིག་གཞུང་ངོ་བོ་བཅས་པ་རིམ་བཞིན་རྩ་མེད་དུ་འགྲོ་བཞིན་པའི་གནས་སྟངས་ལ་གསལ་སྟོན་གནང་འདུག

དེའི་རྗེས་སུ་འཇར་མན་དུ་གཞུང་འབྲེལ་ལས་དོན་མུ་མཐུད་གནང་རྒྱུ་ཡིན་པ་བཅས། ཐེངས་འདིའི་འཚམས་གཟིགས་ཀྱི་དམིགས་ཡུལ་གཙོ་བོ་ནི་ཆབ་སྲིད་དབུ་ཁྲིད་དང་། སྲིད་ཇུས་གཏན་འབེབས་གནང་མཁན། སྤྱི་ཚོགས་ལས་འགུལ་ཚོགས་པ། ཡུ་རོབ་ཀྱི་འབྲེལ་ཆགས་མི་སྣ་བཅས་ལ་བོད་རྒྱ་གཉིས་ཀྱི་དཀའ་རྙོག་སྐོར་གོ་རྟོགས་སྤེལ་རྒྱུ་དང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་དང་མཉམ་ལས་ཤུགས་ཆེ་རུ་གཏོང་རྒྱུ་སོགས་རེད་འདུག

གསར་འགོད་པ། རྟ་མགྲིན་མཚོ། རྩོམ་སྒྲིག་བྱེད་མཁན། ཆོས་རྒྱལ་སྐྱབས།

The post སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག appeared first on བོད་ཀྱི་དུས་བབ།.

Original Article