སྐུའི་གཅུང་མོ་ཨ་མ་རྗེ་བཙུན་པདྨ་མཆོག་གིས་བཙན་བྱོལ་བོད་མིའི་ཤེས་ཡོན་སློབ་གསོའི་ཐད་བཞག་པའི་བྱས་རྗེས་ལ་ངོས་འཛིན་གྱིས་ལོན་ཌོན་ནང་པའི་ཚོགས་པས་ཁི་རེས་སི་མེསི་ཧམ་ཧྥེ་རིསི་གཟེངས་རྟགས་ཕུལ།
དེ་རིང་ཕྱི་ཚེས་ ༧ ཉིན། ལོན་ཌོན་ནང་པའི་ཚོགས་པས་ངྷ་སྟེང་བོད་ཁྱིམ་གྱི་ཚོགས་ཁང་ཆེ་བའི་ནང་དུ་སྐུའི་གཅུང་མོ་བཀའ་ཟུར་ཨ་མ་རྗེ་བཙུན་པདྨ་མཆོག་ལ་ཁི་རེས་སི་མེསི་ཧམ་ཧྥེ་རིསི་གཟེངས་རྟགས་ (Christmas Humphreys Award) ཕུལ། དེ་ནི་གངས་ཅན་བོད་ཀྱི་ཨ་མ་བཀའ་ཟུར་ལྷ་སྐུ་རྗེ་བཙུན་པདྨ་མཆོག་གིས་སྐུ་ཚེ་ཧྲིལ་པོར་བོད་པའི་སྤྱི་ཚོགས་སྤྱི་དང་། བྱེ་བྲག་ཏུ་བོད་ཕྲུག་རྣམས་ལ་གནའ་དེང་ཤེས་ཡོན་སྦྱོར་སྤྲོད་སོགས་ཀྱི་ཞབས་འདེགས་གཟེངས་སུ་ཐོན་པའི་མཛད་འཕྲིན་རླབས་ཆེན་བསྐྱངས་པར་ངོས་འཛིན་དང་ཆེ་མཐོང་སྤྲད་པ་ཞིག་རེད་འདུག
མཛད་སྒོ་དེར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་། དགའ་ལྡན་ཕོ་བྲང་གི་དྲུང་ཆེ། ལོན་ཌོན་ནང་པའི་ཚོགས་པའི་ཚོགས་གཙོ་དང་ཚོགས་མི་ཁག སྤྱི་འཐུས་ཁག་གཅིག དྷ་རམ་ས་ལའི་ཚོགས་སྡེ་ཁག་གི་སྐུ་ཚབ། དྷ་སྟེང་བོད་ཁྱིམ་གྱི་དགེ་ལས་སློབ་མ་ཡོངས་ཚང་འཛོམས་ཐོག་ཞོགས་པའི་ཆུ་ཚོད་ ༡༠ པ་ནས་ ༡༢།༣༠ བར་གཟེངས་རྟགས་ཕུལ་བའི་མཛད་སྒོ་འཚོགས་ཡོད་འདུག
མཛད་སྒོ་གྲུབ་རྗེས་ཨ་མ་རྗེ་བཙུན་པདྨ་མཆོག་ལ་འདི་གའི་གསར་འགོད་པས་བཅར་འདྲི་ཞུས་པར། ཁོང་མོས། བོད་ནང་གི་བོད་མི་ཚོ་རྒྱ་ནག་གི་སྲིད་ཇུས་འོག་འགྲོ་དགོས་པས། རྒྱ་གར་དང་ཕྱི་རྒྱལ་གང་རུང་དུ་གནས་པའི་ཕ་མ་དག་གིས་འགན་འཁུར་བའི་སྒོ་ནས། བོད་པའི་ལོ་ཆུང་གཞོན་སྐྱེས་རྣམས་ཀྱི་རྒྱུད་ལ་བོད་ཀྱི་ཆོས་དང་རིག་གཞུང་། གོམས་གཤིས་སོགས་འཇགས་ཐུབ་པ་བྱ་རྒྱུའི་གལ་ཆེའི་རང་བཞིན་དང་། ང་ཚོ་རང་དབང་ལུང་པར་གནས་ཡོད་པས། རང་དབང་དེ་ལོངས་སུ་སྤྱོད་པའི་སྒོ་ནས་བོད་པའི་བུ་ཕྲུག་རྣལ་མ་གསོ་སྐྱོང་བྱེད་པར་མཉམ་རུབ་ཀྱིས་ཤུགས་བསྐྱོན་པ་ཡིན་ན་འབྲས་བུ་ཞིག་ཐོན་ངེས་རེད། ཅེས་གསུངས་བྱུང་།
ཡང་ཁོང་མོས། གཟེངས་རྟགས་ཐོབ་པའི་ཐད་ལ་མུ་མཐུད་དུ། བོད་ཕྲུག་ཁྱིམ་སྡེའི་སྐོར་ལ་ངོས་རང་གཅིག་པུས་ལས་ཀ་བྱས་པ་ཞིག་མིན་པ་དང་། ཨ་ཅག་ལགས་དང་སྔོན་གྱི་ལས་བྱེད་མང་པོས་སྐུ་ལས་བསྐྱོན་པ་རེད། བོད་པའི་སྤྱི་ཚོགས་སུ་ལྟ་ཡོང་དུས་ག་དུས་ཡིན་ནའང་སྐུ་མདུན་ནས་མགོ་བཙུགས་ཏེ་ཡོང་བ་ཞིག་རེད། ང་ཚོ་མཇུག་སྐྱོང་མཁན་གྱི་གྲས་རེད། ད་ནི་ང་རྒས་འཁོགས་ཆགས་པ་རེད། ༧རྒྱལ་བ་རིན་པོ་ཆེ་ཡང་དགུང་ལོ་བགྲེས་པོ་རེད། དེ་ནས་འོག་ཏུ་བཞུགས་མཁན་རྣམས་ཀྱིས་ཁོང་གི་དགོངས་གཞི་ནང་བཞིན་གནས་ཐུབ་རྒྱུ་ནི་གཞོན་སྐྱེས་ཚོའི་ལས་འགན་ཡིན་སྐོར་སོགས་གསུངས་བྱུང་།
ཁི་རེས་སི་མེསི་ཧམ་ཧྥེ་རིསི་གཟེངས་རྟགས་ནི་དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་ལོན་ཌོན་ནང་པའི་ཚོགས་པས་སྤྲོད་བཞིན་པའི་གཟེངས་རྟགས་ཤིག་ཡིན་པ་དང་། ལོན་ཌོན་ནང་པའི་ཚོགས་པ་གསར་འཛུགས་གནང་མཁན་ཁི་རེས་སི་མེསི་ཧམ་ཧྥེ་རིསི (Christmas Humphreys) ཡི་མཚན་གནས་དང་སྦྲེལ་ནས་མིང་འདི་བཏགས་པ་ཞིག་རེད་འདུག ཁོང་ནི་དབྱིན་ཇིའི་ཁྲིམས་རྩོད་པ་དང་ཁྲིམས་དཔོན་ཞིག་ཡིན་པ་དང་། ནུབ་ཕྱོགས་ཀྱི་ནང་པ་སྔ་ཤོས་ཁྲོད་མིང་གྲགས་ཆེ་ཤོས་ཀྱི་གྲས་ཤིག་ཡིན། ཕྱི་ལོ་ ༡༩༢༤ ཁོང་གིས་ནང་བསྟན་ཁང་ཚན་ (Buddhist Lodge) གསར་འཛུགས་གནང་ཡོད་པ་དང་། རྗེས་སུ་ད་ཡོད་ཀྱི་ནང་པའི་ཚོགས་པར་བསྒྱུར་ཡོད། ཚོགས་པ་དེ་ནི་ཡོ་རོབ་ཀྱི་ནང་པའི་ཚོགས་པ་རྙིང་ཤོས་ཀྱི་གྲས་ཤིག་རེད། ཕྱི་ལོ་ ༢༠༠༥ ཟླ་ ༥ ཚེས་ ༢༨ ཉིན་གཟེངས་རྟགས་དེ་དབྱིན་ཡུལ་དུ་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཕུལ་ཡོད་འདུག
གསར་འགོད་པ། རྟ་མགྲིན་མཚོ། རྩོམ་སྒྲིག་བྱེད་མཁན། ཆོས་རྒྱལ་སྐྱབས།
The post ཨ་མ་རྗེ་བཙུན་པདྨ་མཆོག་ལ་ལོན་ཌོན་ནང་ཚོགས་ཁི་རེས་སི་མེསི་ཧམ་ཧྥེ་རིསི་གཟེངས་རྟགས་ཐོབ། appeared first on བོད་ཀྱི་དུས་བབ།.





