ཨ་རིས་རྒྱ་ནག་གི་གསང་ཉུལ་བའི་དོགས་ཡོད་ཅིག་འཛིན་བཟུང་བྱས།

1 hour ago

ཟླ་འདིའི་ཕྱི་ཚེས་ ༤ ཉིན་ཨ་རིའི་གསང་བའི་ཉེན་རྟོག་པས་རྒྱ་རིགས་བུད་མེད་ཅིག་གིས་ཨ་རིར་གནས་སྡོད་བྱེད་བཞིན་པའི་ཐའེ་ཝན་གྱི་སྲིད་འཛིན་ལེ་ཆིན་ཏི་ཡི་བུ་དང་བུའི་ནང་མི་རྣམས་ལ་གསང་ཉུལ་བྱས་པའི་དོགས་གཞིའི་འོག་ནས་འཛིན་བཟུང་བྱས་འདུག

རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཚེས་ ༤ ཉིན་རྒྱ་རིགས་བུད་མེད་ཝན་ཡེན་ཀྲང་ཟེར་བ་ལོ་སི་ཨན་ཇིལ་སི་རྒྱལ་སྤྱིའི་གནམ་ཐང་ནས་ཕྱིར་རྒྱ་ནག་ཏུ་ལོག་རྩིས་བྱེད་སྐབས། ཨ་རིའི་གསང་བའི་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་ཅིང་། ཨ་རིའི་ཁྲིམས་འཛིན་ལས་ཁུངས་ཀྱིས། ཝན་ཡེན་ཀྲང་གིས་ཐའེ་ཝན་གྱི་མགོ་ཁྲིད་མི་སྣའི་ནང་མི་བུ་ཕྲུག་དང་སྤུན་མཆེད། ཁོ་ཚོའི་སྡོད་གནས་དང་ཁང་པ། རླངས་འཁོར་གྱི་རྟགས་སོགས་ལ་གསང་ཉུལ་བྱས་ཏེ། རྒྱ་ནག་ལ་གནས་ཚུལ་མཁོ་སྤྲོད་བྱེད་བཞིན་ཡོད་པས། རྒྱ་ནག་གིས་གནས་ཚུལ་བེད་སྤྱད་ནས་མ་འོངས་པར་གནད་འགོག་ཆེ་བའི་འཐབ་འཁྲུག་གང་རུང་གི་སྐབས་སུ་ཐའེ་ཝན་སྲིད་འཛིན་ལ་ཚོད་འཛིན་བྱེད་སྲིད་པ་རེད་ཅེས་བརྗོད་འདུག

ཨ་རིའི་གསང་བའི་ཉེན་རྟོག་ལས་ཁུངས་ཀྱི་གནས་ཚུལ་ལྟར་ན། རྒྱ་རིགས་བུད་མེད་ཝན་ཡེན་ཀྲང་ཟེར་བས་རོགས་པ་ཞིག་ཁྲིད་ནས་ཕྱི་ལོ་ ༢༠༢༥ ལོར་རྒྱ་ནག་གི་བཀོད་འདོམས་འོག་ཨ་རིའི་གྲོང་ཁྱེར་སེ་ཡ་ཊལ་དུ་བསྐྱོད་དེ། ཐའེ་ཝན་སྲིད་འཛིན་གྱི་བུ་ལེ་ཏིན་ཡོ་ (Lai Ting-yu)དང་ནང་མི། ཁོ་ཚོའི་ཁང་པ་དང་རླངས་འཁོར་ཨང་རྟགས་སོགས་པར་དང་བརྙན་དུ་བླངས་ནས་རྒྱ་ནག་ལ་བསྐུར་ཡོད་འདུག

ཐའེ་ཝན་སྲིད་འཛིན་ལས་ཁུངས་ཀྱིས། ཧ་ཅང་ཐལ་ཆ་ཆེ་བའི་བྱ་སྤྱོད་དེས་འགྲོ་བ་མིའི་ཐོབ་ཐང་དང་རྒྱལ་ཁབ་གཞན་གྱི་མངའ་ཁོངས་བདག་དབང་ལ་ཁྱད་གསོད་བྱས་ཡོད་པས། ཐའེ་ཝན་རྒྱལ་ཁབ་ཀྱིས་བྱ་སྤྱོད་དེར་སྐྱོན་བརྗོད་དྲག་པོ་བྱེད་བཞིན་ཡོད། ཅེས་བརྗོད་འདུག་པ་མ་ཟད། དེ་ནི་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱ་སྤྱོད་ཅིག་ཡིན་པས། ཨ་རིའི་གཞུང་གིས་ཐའེ་ཝན་གྱི་མི་མང་སྲུང་སྐྱོབ་བྱས་པར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན་ཞེས་བརྗོད་འདུག

The post ཨ་རིས་རྒྱ་ནག་གི་གསང་ཉུལ་བའི་དོགས་ཡོད་ཅིག་འཛིན་བཟུང་བྱས། appeared first on བོད་ཀྱི་དུས་བབ།.

Original Article